མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་ལས་དོན་སྲོལ་ཡིག་གསར་བ་ལ་དཔྱད་པ།

 

ཉེ་ཆར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ལྷན་ཁང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་ལས་དོན་སྲོལ་ཡིག་བསྐྱར་བཅོས་ཀྱི་ཁྲིམས་ཡིག་ཅིག་སྤྱི་བསྒྲགས་བྱས་པ་དེ་དྲྭ་ཐོག་ཏུ་མི་མང་པོས་གཏམ་བཟང་ལྟར་བརྒྱུད་བསྐུར་མང་དུ་བྱེད་བཞིན་མཆིས། སྤྱིར་བོད་སྐད་ཡིག་སྐྱ་ཟད་སྔོ་སྡུག་ཏུ་གྱུར་དང་འགྱུར་བཞིན་པའི་ཉག་ཕྲ་བའི་དུས་སྐབས་འདིར་དེ་ལ་སྲུང་སྐྱོབ་སྐོར་གྱི་ཁྲིམས་ཤིག་ཐོས་པ་ཙམ་གྱིས་ཀྱང་ང་ཚོར་དགའ་བ་བསྐྱེད་པ་ནི་སྨོས་མ་དགོས་པ་ཞིག་རེད་། འོན་ཀྱང་། ཐེངས་འདིའི་ཁྲིམས་གསར་འདི་ནི་ཁྲིམས་རྙིང་བའིནང་གི་བོད་སྐད་ཡིག་ལ་དོན་ཕན་དངོས་སུ་ལྡན་ཞིང་ལག་ལེན་གདབ་རུང་བ། ཁྲིམས་གཞུང་གི་སྲོག་ཤིང་ལྟར་གྱུར་བའི་དོན་ཚན་མི་ཉུང་བ་ཞིག་ཕྱིར་ཕྱུང་སྟེ་རྒྱ་སྐད་ཡིག་གཙོ་བོར་འཛིན་དགོས་པ་གཏན་འཁེལ་བྱས་པའི་ཁྲིམས་ཡིག་ཐ་ཆད་ཅིག་ཡིན་པས། མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ལྷན་ཁང་གི་མདའ་སྐད་གླིང་བསྒྱུར་གྱི་ཁྱབ་བསྒྲགས་དེ་ལ་ང་ཚོ་དགའ་བ་ལས་སྐྱོ་དགོས་པ་ཞིག་ཡིན། དེ་མིན་འཕར་བཅོས་ཀྱི་སྲོལ་ཡིག་འདིས་ཀྱང་སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་འདི་ཡང་རྒྱལ་ཁབ་ཁྲིམས་སྐྱོང་གི་རྩ་དོན་དང་གཙོ་འཛིན་ཞིས་ཅིན་ཕིན་གྱི་ཁྲིམས་སྐྱོང་གི་བསམ་བློའི་ལམ་ཆེན་དང་གྱེས་ཏེ་གུ་དོགས་པའི་རྒྱ་རིགས་ཆེ་བཙན་རིང་ལུགས་ཀྱི་(大汉族主义)མཐར་ལྟུང་གི་ལམ་གོད་ལ་ཞུགས་བཞིན་པའི་དངོས་ཡོད་གནས་ཚུལ་དེ་མཚོན་ཐུབ།

རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱིས་མི་རིགས་རང་སྐྱོང་ས་ཁུལ་གྱི་སྐད་ཡིག་དང་སློབ་གསོའི་ལས་དོན་ཐད་ལ་རང་རྐྱ་ཐུབ་པའི་རང་དབང་དང་ཐོབ་ཐང་མི་ཉུང་བ་ཞིག་བསྩལ་ན་ཡང་། ཐོབ་ཐང་དང་རང་དབང་དེ་དག་སློབ་གསོ་པུའུ་དང་ས་གནས་སྲིད་གཞུང་སོགས་ཀྱིས་ཁྲིམས་འགལ་གྱི་སྲིད་ཇུས་དང་སྲོལ་ཡིག་སོགས་ཀྱིས་རིམ་ཟོས་བྱས་ཏེ་ད་ཆར་མིང་གི་ལྷག་མ་ཙམ་དུ་བཏང་དང་གཏོང་བཞིན་ཡོད། ༢༠༢༠་ལོ་ནས་བཟུང་སྟེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྒྲིག་ལས་དོན་ལྷན་ཁང་གིས(全国人大常委会法制工作委员会)་རྩ་ཁྲིམས་ཀྱི་དོན་ཚན་༡༩་པ་ལུང་དྲངས་ཏེ། གྲངས་ཉུང་མི་རིགས་གཙོ་བོ་ཡིན་པའི་སློབ་གྲྭ་ནས་མི་རིགས་དེ་ཡི་སྐད་ཡིག་ལ་བརྟེན་ནས་སློབ་ཁྲིད་དང་ཟུར་ཏུ་རྒྱ་སྐད་ཡིག་སློབ་ཁྲིད་བྱེད་པའི་མི་རིགས་སློབ་གསོའི་སློབ་ཁྲིད་ཐབས་ལམ་དང་པོ་ནི་རྩ་ཁྲིམས་ལ་འགལ་ཡོད་ཅེས་ད་ལྟའི་བར་དུ་ལོ་གསུམ་རིང་ལ་བསྒྲགས་པ་མ་ཟད། ནང་སོག་དང་ཁྲོའོ་ཞན་རང་སྐྱོང་ས་ཁུལ་གྱི་སློབ་གསོ་དང་འབྲེལ་བའི་རང་སྐྱོང་སྲོལ་ཡིག་ཏུ་སློབ་ཁྲིད་ཐབས་ལམ་དང་པོ་གཏན་འབེབས་བྱས་ཡོད་པ་ཐམས་ཅད་རྩ་ཁྲིམས་ལ་འགལ་ལོ་ཞེས་པའི་ཐོ་བས་བརྡུངས་ཏེ་སློབ་ཁྲིད་ཐབས་ལམ་གཉིས་པར་བཙན་གྱིས་བསྒྱུར་ཏུ་བཅུག མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཀྱང་འདི་འདྲའི་རྒྱབ་ལྗོངས་འོག་ཏུ་རང་ཚུགས་མ་ཟིན་པར་སྲོལ་ཡིག་འདིར་བཅོས་བསྒྱུར་བཏང་སྟེ་སྔོན་གྱི་སྲོལ་ཡིག་ནང་དུ་གཏན་འཁེལ་བྱས་པའི་སློབ་ཁྲིད་ཐབས་ལམ་དང་པོ་ཡོངས་སུ་དོར་བ་མ་ཟད། སློབ་ལོ་སྔོན་གྱི་བོད་རིགས་བྱིས་པ་དག་ལ་བོད་སྐད་ཡིག་གིས་སློབ་ཁྲིད་བྱེད་དགོས་པའི་དོན་ཚན་དེ་དག་ཀྱང་བསུབས། བོད་རིགས་སློབ་མ་དག་གིས་རང་གི་སྐད་ཡིག་ལ་བརྟེན་ནས་སློབ་གསོ་མྱངས་ཆོག་པ་ནི་རྩ་ཁྲིམས་ཀྱི་ཐོབ་ཐང་ཞིག་ཡིན་པ་མ་ཟད་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཞིག་ཀྱང་ཡིན་ཞིང་། རྩ་ཁྲིམས་ཀྱི་དོན་ཚན་༤་པའི་ནང་མི་རིགས་སོ་སོ་ལ་རང་གི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་གྱི་རང་དབང་ཡོད་ཅེས་དང་། གཙོ་འཛིན་ཞིས་ཅིན་ཕིན་གྱིས་ཀྱང་ཁྲིམས་བཅའ་བའི་སྐབས་སུ་ངེས་པར་དུ་རྩ་ཁྲིམས་ཀྱི་ཡང་སྙིང་གི་བྱེད་ནུས་འབུར་དུ་འདོན་དགོས་ཤིང་། ཁྲིམས་བཅའ་བའི་མཚམས་རེ་རེའི་ནང་དུ་རྩ་ཁྲིམས་དང་འགལ་མི་རུང་། ཧུར་ཐག་འབད་ཐག་གིས་བཅས་པའི་ཁྲིམས་རེ་རེ་རྩ་ཁྲིམས་ཀྱི་དགོངས་དོན་དང་མཐུན་ཞིང་རྩ་ཁྲིམས་ཀྱི་གཟི་བརྗིད་མངོན་ཏེ་རྩ་ཁྲིམས་ལག་བསྟར་ལ་ཁག་ཐེག་བྱ་དགོས་(要全面发挥宪法在立法中的核心地位功能,每一个立法环节都把好宪法关,努力使每一项立法都符合宪法精神、体现宪法权威、保证宪法实施)ཞེས་ལམ་སྟོན་གསལ་པོ་བསྟན་ཡོད་ན་ཡང་། སྐབས་བཅོ་ལྔ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རྩ་ཁྲིམས་དང་བསླབ་བྱ་འདི་དག་རྣ་ལྟག་གི་རླུང་ལྟར་བསྐྱུར་ཏེ་མཚོ་ལྷོ་ཁུལ་བོད་མི་རིགས་ཀྱི་རྩ་ཁྲིམས་ཐོབ་ཐང་འཕྲུ་འཐེན་བྱས། དེ་ལྟར་ཨུ་ཚུགས་ཀྱིས་བཅས་པའི་ཁྲིམས་སྲོལ་དེ་ཡང་ཁྲིམས་བཅའ་བའི་དབང་ཁོངས་ཀྱི་ཚད་ལས་བརྒལ་བ་མ་ཟད་་ཁྲིམས་སྐྱོང་གི་རྩ་དོན་དང་ཡང་མི་མཐུན། 

དེ་མིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་གི་དོན་ཚན་༤༢་པའི་ནང་དུ་། རང་སྐྱོང་ཁུལ་གྱི་སྲིད་དབང་ལས་ཁུངས་ཀྱིས་གྲངས་ཉུང་མི་རིགས་ཀྱིས་རང་གི་སྐད་ཡིག་ལ་བརྟེན་ནས་སློབ་གསོ་སྤེལ་ཆོག་པའི་ཐོབ་ཐང་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་དགོས་(自治机关尊重和保障少数民族使用本民族语言文字接受教育的权利。)ཞེས་གཏན་འབེབས་བྱས་པ་ལྟར་ན། མཚོ་ལྷོ་ཁུལ་གྱི་བོད་རིགས་སློབ་མ་རྣམས་ལ་རང་གི་སྐད་ཡིག་ལ་བརྟེན་ནས་སློབ་གསོ་ཐོབ་ཆོག་པའི་ཐོབ་ཐང་དེར་མི་དམངས་འཐུས་མི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་བཅས་ཀྱིས་བརྩི་བཀུར་བྱེད་དགོས་པ་མ་ཟད། དེ་དག་ལ་བོད་ཡིག་སློབ་གྲྭ་དང་འགྲོ་སོང་གི་མཐུན་རྐྱེན་སྦྱོར་དགོས་པའི་འོས་འགན་ཡོད་པའང་བསྟན། དེས་ན་མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་སྔ་ཚིག་ཕྱི་ཚིག་གིས་མི་ནོན་པའི་སྲོལ་ཡིག་གོང་འོག་རྒྱབ་འགལ་ཅན་བཟོས་ཏེ། བོད་རིགས་རང་སྐྱོང་ས་ཁུལ་དུ་བོད་རིགས་རྣམས་ཀྱིས་རང་གི་སྐད་ཡིག་སྦྱངས་པའི་ཐོབ་ཐང་འཕྲི་འཐེན་དང་རྒྱའི་སྐད་ཡིག་སྦྱོང་དགོས་པའི་འོས་འགན་འཕར་སྣོན་བྱས་པ་དེ་ཡང་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ལ་འགལ་ཡོད་ཅིང་། གཙོ་འཛིན་ཞིས་ཅིན་ཕིན་གྱིས་སྲིད་གཞུང་གིས་ཁྲིམས་འགལ་གྱིས་སྤྱི་དམངས་དང་སྒེར་གྱི་ཚོགས་པ་དག་གི་ཐོབ་ཐང་འཕྲི་འཐེན་དང་འོས་འགན་འཕར་སྣོན་བྱས་ན་མི་ཆོག་(不得违背法律法规随意减损公民、法人和其他组织合法权益或增加其义务。)ཅེས་པའི་ཁྲིམས་སྐྱོང་གི་ལམ་སྟོན་ལའང་རྒྱབ་འགལ་བྱས། 

རྩ་ཁྲིམས་ཀྱི་འགོ་བརྗོད་ནང་དུ་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་ཀྱི་འཐབ་རྩོད་ཁྲོད་དུ། མི་རིགས་ཆེ་བཙན་རིང་ལུགས་ལ་ངོ་རྒོལ་བྱེད་དགོས། གཙོ་བོ་རྒྱ་རིགས་ཆེ་བཙན་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་(在维护民族团结的斗争中,要反对大民族主义,主要是大汉族主义,)ཞེས་བྲིས་ཡོད་པ་དང་། དེང་སང་གྲངས་ཉུང་མི་རིགས་ཀྱི་མི་གྲངས་དང་རྒྱུ་འབྱོར་སྟོབས་ཤུགས་གང་ཅིའི་ཐད་ནས་རྒྱ་རིགས་དང་བསྡུར་ན་ཤིན་ཏུ་ཉག་ཕྲ་བ་ཡིན་པས་ས་གནས་མི་རིགས་རིང་ལུགས་ཀྱི་གནད་དོན་ཆེར་མེད་ལ། གལ་ཏེ་ཡོད་པའི་དབང་དུ་བཏང་རུང་དེས་རྒྱལ་ཁབ་དང་མི་རིགས་མཐུན་སྒྲིལ་ལ་གནོད་པ་ཆེར་བསྐྱེད་མི་ཐུབ། འོན་ཀྱང་རྒྱ་རིགས་ནི་རྒྱལ་ཁབ་འདིའི་དབང་ཐང་དང་སྟོབས་ཤུགས་ཆེ་ཤོས་ཀྱི་མི་རིགས་དེ་ཡིན་པས། དེས་རང་གི་ཚོད་མ་ཟིན་ན་རྒྱ་རིགས་ང་ཆེ་ང་བཙན་རིང་ལུགས་ཀྱི་མཐའ་རུ་ལྟུང་སླ་ལ་ལྟུང་ཡང་ཐུབ་པས་རྒྱ་རིགས་ཆེ་བཙན་རིང་ལུགས་ནི་མི་རིགས་མཐུན་སྒྲིལ་གྱི་གེགས་དང་བར་ཆད་གཙོ་བོར་གྱུར། དེའི་རྒྱུ་མཚན་གྱིས་གཙོ་འཛིན་ཞི་ཅིན་ཕིན་གྱིས་ཐོག་མར་རྒྱ་རིགས་ཆེ་བཙན་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཐུན་མོང་ཕུང་བོ་འཛུགས་བསྐྲུན་ལ་གནོད་པ་ལྡན་(大汉族主义和地方民族主义都不利于中华民族共同体建设。)ཞེས་བཤད་དོན་ཡང་དེ་ཡིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་བསྐྱར་བཅོས་བྱས་པའི་སྲོལ་ཡིག་འདིའི་ནང་དུ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་དར་སྤེལ་གྱི་མིང་བཟུང་སྟེ་དོན་ལ་གྲངས་ཉུང་མི་རིགས་ཀྱི་གཞི་རྩའི་སྐད་ཡིག་ཐོབ་ཐང་འཕྲི་འཐེན་དང་རྒྱ་རིགས་ཀྱི་ཐོབ་ཐང་རྒྱ་བསྐྱེད་བྱེད་པ་ནི་རྒྱ་རིགས་ཆེ་བཙན་རིང་ལུགས་ཀྱི་རྣམ་པ་ཡིན། དེས་མཚོ་ལྷོ་ཁུལ་གྱི་བོད་རྒྱ་མི་དམངས་ཀྱི་མཐུན་སྒྲིལ་ལ་གནོད་པ་མ་ཟད་རྒྱལ་ཡོངས་ཀྱི་མི་རིགས་འཆམ་མཐུན་གྱི་གཞི་རྩའི་སྲིད་ཇུས་ལའང་གནོད་པ་བསྐྱེད་པ་གདོན་མི་ཟ། 

གཙོ་འཛིན་ཞིས་ཅིན་ཕིན་གྱིས་ཁྲིམས་ལུགས་ཀྱིས་མི་མང་གི་མངོན་འདོད་དེ་མ་མཚོན་ན། ཁྲིམས་ལུགས་དེ་ནི་མིང་ཙམ་ལས་དོན་གྱིས་སྟོང་བའི་ཁྲིམས་ལུགས་ཡིན་(法律如果不体现人民的意志,就会变得有名无实)ཞེས་བཤད་པ་ལྟར། མཚོ་ལྷོ་ཁུལ་ནི་བོད་མི་འབུམ་གསུམ་ལྷག་ཡོད་ཅིང་། ཁུལ་ཡོངས་ཀྱི་མི་གྲངས་ཀྱི་བརྒྱ་ཆའི་དྲུག་ཅུ་རེ་བརྒྱད་ཟིན་པའི་བོད་རིགས་རང་སྐྱོང་ཁུལ་ཞིག་ཡིན་པའི་རྒྱུ་མཚན་གྱིས། མཚོ་ལྷོ་ཁུལ་གྱི་ཁྲིམས་བཟོ་ལས་ཁུངས་སུ་གྱུར་བའི་མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རང་སྐྱོང་ཁྲིམས་སྲོལ་སོགས་བཅའ་བའི་སྐབས་སུ་ངེས་པར་དུ་བོད་མི་རིགས་ཀྱི་ཁྲིམས་མཐུན་གྱི་མངོན་འདོད་མཚོན་ཐུབ་པའི་སྒོ་ནས་བཅའ་དགོས་ཤིང་། ལྷག་པར་དུ་བོད་མི་རིགས་ཀྱིས་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་དང་དར་སྤེལ་གྱི་གཞི་རྩའི་ཐོབ་ཐང་དང་མངོན་འདོད་དེ་མཚོན་ཐུབ་དགོས། གལ་ཏེ་བོད་མི་རིགས་ཀྱི་མངོན་འདོད་མཚོན་མི་ནུས་པ་མ་ཟད་མཚོ་ལྷོ་ཁུལ་གྱི་བོད་རིགས་མི་དམངས་ཀྱི་མངོན་འདོད་ལ་རྒྱབ་འགལ་གྱི་རང་སྐྱོང་ཁྲིམས་སྲོལ་སོགས་གཏན་འབེབས་བྱས་ཏེ་མཚོ་ལྷོ་མི་མང་སྡུག་ལ་སྦྱར་ན། ཕྱིའི་ཆར་པ་ལས།། ནང་གི་ཐིགས་པ་སྡུག་ཅེས་པའི་དཔེ་ལྟར་སྤྱོ་འོས་པའི་གནས་ཤིག་ཅི་ལ་མིན།

སྤྱིར་མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ནི་ཁུལ་དེའི་རང་སྐྱོང་དབང་འཛིན་ལས་ཁུངས་གལ་ཆེན་ཞིག་ཡིན་པ་མ་ཟད་དེས་རང་སྐྱོང་སྲོལ་ཡིག་བཅས་ཏེ་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་ལའང་བསྒྱུར་བཅོས་གཏོང་བ་ལ་སོགས་པའི་དབང་ཐང་ཤིན་ཏུ་ཆེན་པོ་ཡོད། འོན་ཀྱང་དབང་ཐང་དེ་ལ་ཡང་ཚད་མེད་པ་ཞིག་ག་ལ་ཡིན། ཁྲིམས་བཟོའི་ཁྲིམས་(立法法)ཀྱི་དོན་ཚན་༨༥་ལྟར་ན། རང་སྐྱོང་སྲོལ་ཡིག་གིས་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་གི་སྐོར་ལ་གཏན་འཁེལ་བྱས་ཟིན་པ་དེར་བཅོས་བསྒྱུར་གཏོང་མི་རུང་(不得对宪法和民族区域自治法的规定作出变通规定。)ཞེས་རང་སྐྱོང་དབང་ཐང་ཚད་བཀག་བཅས་ཡོད་པས། མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ལ་གང་འདོད་འདོད་དུ་མི་རིགས་ས་ཁོངས་རང་སྐྱོང་གི་གཞི་རྩའི་སྲིད་ཇུས་འཕོ་འགྱུར་གཏོང་བའི་དབང་ཐང་མེད། 

ང་ཚོས་ཅི་ཞིག་བྱེད་དགོས་སམ། 

དང་པོ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་མི་རིགས་ལས་དོན་ལྷན་ཁང་དང་། རྩ་ཁྲིམས་ཁྲིམས་ལུགས་ལྷན་ཁང་ལ་ཞུ་མཆིད་བྲིས་ཏེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྒྲིག་ལས་དོན་ལྷན་ཁང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གཙོ་བོར་བཟུང་སྟེ་སློབ་ཁྲིད་བྱེད་དགོས་པའི་གཏན་འབེབས་དང་སྲོལ་ཡིག་རྩ་ཁྲིམས་ལ་འགལ་ཡོད་ཅེས་པའི་ཐག་བཅད་ཀྱི་ཐ་ཚིག་བསྒྲགས་པ་དེ་ལས་ཁང་གི་དབང་ཚད་ལས་བརྒལ་བའི་ནོར་འཁྲུལ་ཡིན་པ་དང་།  དེ་སྐོར་གྱི་མཐའ་མའི་ཐག་གཅོད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྒྲག་དགོས་པའི་པའི་རེ་འདུན་འདོན་པ། 

གཉིས་པ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྩ་ཁྲིམས་དང་ཁྲིམས་ལུགས་ལྷན་ཁང་ལ་ཞུ་མཆིད་བྲིས་ཏེ་མཚོ་སྔོན་ཞིང་ཆེན་མི་དམངས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་ལས་དོན་སྲོལ་ཡིག་དེ་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ལ་འགལ་ཡོད་པས་བཟློག་དགོས་པའི་རེ་འདུན་འདོན་དགོས།